第27期新闻(康巴方言)
 135

第27期新闻(康巴方言)

00:00
11:26

ཞི་ཅིན་ཕིང་གིས“གསར་འགོད་པ་སླར་ཡང་རྒྱང་སྐྱོད་ལམ་བུར་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོར་མཛུབ་སྟོན་གལ་ཆེན་གནང་བ།


      ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར“གསར་འགོད་པ་སླར་ཡང་རྒྱང་སྐྱོད་ལམ་བུར་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོར་མཛུབ་སྟོན་གལ་ཆེན་གནང་སྐབས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་སྐབས་སུ་དང་ཏང་ཡོངས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་མཚམས་སུ་ཀྲུང་དབྱང་དྲིལ་བསྒྲགས་པུས“གསར་འགོད་པ་སླར་ཡང་རྒྱང་སྐྱོད་ལམ་བུར་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་སྤེལ་ནས། རྔམ་བརྗིད་ལྡན་པ་དང་གནམ་ས་འགུལ་བའི་གསར་བརྗེའི་གཏམ་རྒྱུད་གསོན་ཉམས་དོད་པོས་སླར་ཡང་མངོན་པར་བྱས་ཐོག ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས་བཏོད་པའི་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱས་བཤད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

      ཟླ་8ཚེས་18ཉིན“བརྗིད་ཆགས་ཡིད་དུ་འོང་བའི་ལོ་70·དུས་རབས་གསར་པར་འབད་འཐབ་བྱེད—གསར་འགོད་པ་སླར་ཡང་རྒྱང་སྐྱོད་ལམ་བུར་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོའི་ཕྱོགས་སྡོམ་བཞུགས་མོལ་ཚོགས་འདུ་ཀན་སུའུ་ཧུད་ཉིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་བརྒྱུད་བསྒྲགས་བྱས་ནས། རྒྱལ་ཡོངས་གསར་འགྱུར་འཐབ་ཕྱོགས་ཀྱིས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ཏང་གི་ངོ་བོ་དང་དམིགས་ཡུལ་བློ་ལ་བརྟན་པོར་འཆང་བ་བཅས་ཀྱི་ཐོག་ནས། འབད་བརྩོན་ཆེན་པོས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོ་སྐྱོད་དགོས་པའི་འབོད་སྐུལ་བྱས་པ་རེད།

      འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཡིན་ཞིང་། ཟླ་6ཚེས་11ཉིན་ནས་ཟླ་8ཚེས་18ཉིན་བར་དུ་ཀྲུང་དབྱང་དྲིལ་བསྒྲགས་པུས“བརྗིད་ཆགས་ཡིད་དུ་འོང་བའི་ལོ་70·དུས་རབས་གསར་པར་འབད་འཐབ་བྱེད—གསར་འགོད་པ་སླར་ཡང་རྒྱང་སྐྱོད་ལམ་བུར་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་སྒྲིག་འཛུགས་བྱས་ཤིང་། སྔ་རྗེས་སུ་གསར་འགོད་པ་1300ལྷག་ཙམ་གྱིས་སྐབས་དེའི་དམར་དམག་གི་རྒྱང་སྐྱོད་ཞབས་རྗེས་འདེད་ནས་ས་ཆ་དངོས་ལ་བཅར་འདྲིར་བསྐྱོད་དེ། རིམ་རྩིས་བྱས་ན། ལམ་ཐག་སྤྱི་ལེ་16000ལྷག་ཙམ་བརྒལ་ནས། གསོན་ཉམས་དོད་ལ་རྣམ་པ་ཕུན་སུམ་ཚོགས་པའི་འཕྲིན་སྤེལ་རྩོམ་ཡིག་10000ལྷག་ཙམ་སྤེལ་བ་དང་། དྲ་ཐོག་ནས་ལྟ་ཀློག་བྱེད་ཚད་ཐེངས་གྲངས་དུང་ཕྱུར་20ཙམ་ཟིན་ནས་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།

ཞི་ཅིན་ཕིང་གིས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་འགོ་ཚུགས་པར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་པ།


      རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་འགོ་ཚུགས་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ་གླེང་སྟེགས་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་དང་། གླེང་སྟེགས་ལ་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་དང་ལས་རིགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཡང་ཞུས་གནང་བ་རེད།

      ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པ་དེས་མིའི་རིགས་ཀྱི་ཤེས་དཔལ་གོང་འཕེལ་དང་ཡར་ཐོན་ཡོང་བའི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་དང་རི་ཆུ་དང་ནགས་ཞིང་། མཚོ་རྩྭ་བཅས་ཀྱི་མ་ལག་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ལག་ལེན་བསྟར་ཡོད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་དང་པོ་དེ་ཡིན་ཞིང་། ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ལག་ལེན་བསྟར་བའི་དམིགས་ཡུལ་ནི་རང་བྱུང་སྣོད་བཅུད་མ་ལག་གི་སྔར་ཡོད་རྣམ་པ་དང་ཁྱོན་ཡོངས་རྣམ་པ་རྒྱུན་འཁྱོངས་ཀྱིས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ལ་སྲུང་སྐྱོང་བྱས་ཏེ་ཕ་ཚ་བུ་རྒྱུད་ལ་རྩ་ཆེ་བའི་རང་བྱུང་གི་ཐོན་ཁུངས་འཇོག་རྒྱུ་དེ་རེད། དེ་ནི་ཀྲུང་གོས་རང་བྱུང་སྣོད་བཅུད་སྲུང་སྐྱོང་ལ་སྐུལ་འདེད་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་བཅས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད་ཅེས་གསུངས་པ་རེད།

      ཞི་ཅིན་ཕིང་གིས་ཀྲུང་གོས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཀྲུང་གོའི་རྒྱལ་བབ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་ལ་ཕྱི་རྒྱལ་གྱི་ལེགས་གྲུབ་ལྡན་པའི་ཉམས་མྱོང་རྒྱ་ཁྱབ་ཏུ་དཔྱད་གཞིར་འཛིན་དགོས། སྐབས་འདིའི་གླེང་སྟེགས་ཀྱིས“རྒྱལ་ཁབ་སྤྱི་གླིང་གཙོ་བོར་བཟུང་བའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་པའི”བརྗོད་དོན་གཙོ་བོ་འདིར་དམིགས་ཏེ་བགྲོ་གླེང་གཏིང་ཟབ་དང་བློ་བསྡུས་དགེ་འཚོལ་གྱིས་འཛམ་གླིང་གི་སྣོད་བཅུད་ཤེས་དཔལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པར་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།       

      ཚེས་19ཉིན་གྱི་སྔ་དྲོ། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་མཚོ་སྔོན་ཟི་ལིང་དུ་འགོ་ཚུགས་ཤིང་། འགོ་ཚུགས་མཛད་སྒོའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཞའོ་ཀོང་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་གྱི་ཞིང་ཆེན། འབྲེལ་ཡོད་ཞིབ་འཇུག་སྒྲིག་གཞི་བཅས་ཀྱི་འགན་འཁུར་བློ་མཐུན་དང་། འབྲེལ་ཡོད་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། རིགས་གཅིག་མཁས་ཅན་དང་མཁས་དབང་གི་འཐུས་མི་སོགས་མི་གྲངས་450ཙམ་གླེང་སྟེགས་ལ་ཞུགས་པ་རེད།

ཝུའུ་དབྱིང་ཅེས་པཎ་ཆེན་རིན་པོ་ཆེ་དང་མཇལ་འཛོམས་གནང་བ།


      བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་བྱམས་བརྩེའི་ངང་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ་རེད།

      ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་བོད་ཀྱི་བྱེད་སྒོ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།

      ཝུའུ་དབྱིང་ཅེས་རེ་བར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་སྤྱི་ཁྱབ་ཧྲུའུ་ཅིའི་སློབ་སྟོན་ཟབ་མོ་དང་ཀྲུའུ་ཞི་ཝང་དབྱང་གི་ཐུགས་རེ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས“ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ”བཅས་ཀྱི་སྣེ་ཁྲིད་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ཏེ་འགན་འཁྲི་དང་ལས་འགན་ཡག་པོ་སྒྲུབ་པ་དང་། ཁྲིད་སྟོན་གྱི་ནུས་པ་ཡག་པོ་འདོན་པ། དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་སློབ་གསོ་ཡག་པོ་གཏོང་བ་དང་ཁྲིད་སྟོན་བྱེད་པ་བཅས་ཀྱི་སྒོ་ནས་ཕ་ཡུལ་དར་རྒྱས་གོང་འཕེལ་དང་ཞི་མཐུན་བརྟན་ལྷིང་ཡོང་བར་སྟོབས་ཤུགས་སྔར་བས་ཆེ་བ་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།    

      པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་དུ་བཞུགས་རིང་གི་རང་ངོས་ཀྱི་མྱོང་ཚོར་ཟབ་མོ་ལྷུག་གླེང་གནང་ཞིང་། ཁོང་གིས་ལམ་བར་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་མཐོང་བྱུང་ལ།  རིམ་པ་ཁག་དང་སྡེ་ཚན་ཁག་དང་དེ་བཞིན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་དང་ངོ་བོར་འགྱུར་ལྡོག་མི་གཏོང་བར་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་སྐྲུན་བཞིན་ཡོད་པ་མཐོང་བྱུང་བས། རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་གསུངས་པ་རེད།

      པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས། རང་ཉིད་ཀྱིས་དུས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་དང་ཀྲུའུ་ཞི་ཝང་དབྱང་གི་ཐུགས་རེ་ཟབ་མོ་བློ་ལ་བརྟན་པོར་བཅངས་བ་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་མིག་དཔེར་བཟུང་ནས་རང་ངོས་ཀྱི་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་རྒྱ་ཆེའི་གྲྭ་དམངས་དང་དད་ལྡན་མང་ཚོགས་ཚོར་ཐོབ་པར་དཀའ་བའི་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས་པའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཐོག་རྒྱལ་གཅེས་ཆོས་གཅེས་དང་། ཁྲིམས་སྲུང་སྡོམ་སྲུང་གི་སྒོ་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་འདུག

ཞོ་སྟོན་གྱི་ཉིན་དང་པོར་ལམ་ཁག་ཅིག་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུའི་བརྡ་ཁྱབ།


      2019ལོའི་ཟླ་8ཚེས་30ཉིན་ནི་ལོ་གཅིག་དུས་གཅིག་གི་ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ་ཡིན་ཞིང་། དེ་ཉིན་གོས་སྐུ་གཤོམ་གྱི་ཡོད་པས་ལྟ་སྐོར་དང་ལྟད་མོར་འགྲོ་མཁན་མི་དང་རླངས་འཁོར་ཅུང་མང་བར་བརྟེན། ལམ་མི་འགག་པའི་ཆེད་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་གཏན་འབེབས་གཞིར་བཟུང་། ངེད་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ལམ་དུམ་བུ་ཁག་གཅིག་བཀག་རྒྱུའི་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།

      གཅིག འགོག་རྒྱུའི་ས་ཁོངས།

      1.འབྲས་སྤུངས་དགོན་གྱི་བཀག་སྡོམ་ཁུལ།

      ནོར་སྟོད་དཀྱིལ་ལམ་ནས་བརྒྱད་གཅིག་ལྷོ་ལམ་གྱི་ལམ་མདོའི་བྱང་ངོས་དང་། ནོར་སྟོད་ལྷོ་ལམ་ནས་གནམ་སྔོན་ལམ་མདོའི་བྱང་ངོས། ཀླུ་སྡིངས་བྱང་ལམ་ནས་ཏང་གི་སློབ་གྲྭའི་ལམ་མདོའི་ནུབ་ངོས། རྩད་ཞིབ་ཚོད་ལྟའི་ལྟེ་གནས་སྒོ་འགྲམ་གྱི་ཤར་ངོས། བྱང་སྐོར་ལམ་ནས་པེ་ཅིང་ནུབ་ལམ་གྱི་ལམ་མདོའི་ནུབ་ངོས། བྱང་སྐོར་ལམ་ལྷ་ལུང་ཕུག་ལམ་གྱི་འཛུལ་སྒོ་ཤར་མའི་ནུབ་ངོས་བཅས་རེད།

      2.སེ་ར་དགོན་གྱི་བཀག་སྡོམ་ཁུལ།

       ཉང་བྲན་ལམ་དང་སེ་ར་ལམ་གྱི་ལམ་མདོར(དམག་ཁུལ་སྤྱི་ཁྱབ་སྨན་ཁང་གི་སྒོ་རྩའི་Tདབྱིབས་ལམ་མདོ)རླངས་འཁོར་གང་རུང་ནུབ་ནས་ཤར་དང་བྱང་ནས་ལྷོ་རུ་སྐྱོད་མི་ཆོག བྱང་སྐོར་ལམ་དང་སེ་ར་ལམ་གྱི་ལམ་མདོར་རླངས་འཁོར་གང་རུང་བྱང་དུ་སྐྱོད་མི་ཆོག ཉང་བྲན་ཤང་གི་ལམ་དུམ་བུར་གཞོགས་གཅིག་ལ་མ་གཏོགས་སྐྱོད་མི་ཆོག་པ་དང་། དམག་ཁུལ་སྤྱི་ཁྱབ་སྨན་ཁང་གི་སྒོ་རྩའི་ལམ་མདོ་ནས་འཛུལ་ཏེ་བྱང་སྐོར་ལམ་དུ་དོན་ཆོག ཚེས་གསུམ་ཐང་ལམ་དང་སེ་ར་ལམ་གྱི་ལམ་མདོའི་བྱང་ངོས་དང་བྱང་སྐོར་ལམ་དང་སེ་ར་ལམ་གྱི་ལམ་མདོའི་ལྷོ་ངོས་བཀག་རྒྱུ་ཡིན་པས་དེའི་ཉེ་འཁོར་དུ་སྡོད་མཁན་གྲོང་མིའི་རླངས་འཁོར་སྐྱོད་ཆོག་པ་ལས་དེ་མིན་རླངས་འཁོར་གཞན་དག་སྐྱོད་མི་ཆོག བྱང་སྐོར་ལམ་དང་སེ་ར་ལམ་དང་དེ་བཞིན་ཉང་བྲན་ལམ་དུ་རླངས་འཁོར་ཚང་མ་ཞོར་ལམ་དུའང་སྐྱོད་མི་ཆོག

      གཉིས། འགོག་པའི་དུས་ཚོད།

      2019ལོའི་ཟླ་8ཚེས་30ཉིན་གྱི་ཐོ་རེངས་ཆུ་ཚོད་0:00ནས་མཛད་སྒོ་མཇུག་མ་འགྲིལ་བར།

      འགྲིམ་འགྲུལ་བཀག་སྡོམ་བྱེད་རིང་། རྒྱ་ཆེའི་གྲོང་མི་ཚོས་འགྲིམ་འགྲུལ་མི་དམངས་ཉེན་རྟོག་པའི་བཀོད་འདོམས་དང་ཕྱོགས་སྟོན་ལམ་ཐིག་གཞིར་བཟུང་བསྐྱོད་དགོས་པ་མ་ཟད། དམིགས་བཙུགས་ས་གནས་སུ་རླངས་འཁོར་གོ་རིམ་ལྡན་པའི་ངང་འཇོག་དགོས། གོང་གསལ་གྱི་གཏན་འབེབས་ལས་འགལ་ནས་སྐྱོད་མཁན་འཁོར་རིགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ་རེད།  དེའི་རྐྱེན་གྱིས་ཁྱེད་རྣམ་པའི་འགྲུལ་བཞུད་ལ་འགོག་རྐྱེན་བཟོས་པར་དགོངས་ཤེས་ཡོད་པ་མཁྱེན།

རྔ་བའི་ཝུན་ཁྲོན་དུ་འདམ་ཉིལ་གྱིས་མི་ཤི་རྨས་བྱུང་ཞིང་ལམ་ཆད་འདུག


      སྤྱི་ཟླ་8པའི་ཚེས་20ཉིན་གྱི་ནམ་གུང་དུ། སི་ཁྲོན་རྔ་བ་ཁུལ་ཝུན་ཁྲོན་རྫོང་དུ་དྲག་ཆར་བབས་པས་རི་ཉིལ་དང་འདམ་ཉིལ་བྱུང་སྟེ། རྒྱལ་ལམ་དང་ཞིང་ཆེན་ལམ། ཁྲེང་ཏུའུ་དང་ཝུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་བཅས་ཀྱི་ལམ་ཆད་དེ་འཁོར་རིགས་བགྲོད་མི་ཐུབ་པར་གྱུར་བ་མ་ཟད། ཝུན་ཁྲོན་རྫོང་གི་ཤང་དང་གྲོང་རྡལ་8ལ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཕོག་པ་དང་། ཧྲུའེ་མོ་གྲོང་རྡལ་སྲིད་གཞུང་གི་མེ་ཟོན་ཆེད་ལས་རུ་ཁག་གི་རུ་མི་1རོགས་སྐྱོབ་ལས་དོན་སྤེལ་སྐབས་འདམ་ཉིལ་གྱིས་རྐྱེན་ལམ་དུ་ཤོར་ཞིང་རུ་མི་4ལ་རྨས་སྐྱོན་ཕོག་ཡོད་འདུག

དྲ་གྲོགས་ལྷན་རྒྱས་ཐེངས་རྗེས་མར་སླར་ཡོང་མཇལ། 


用户评论

    还没有评论,快来发表第一个评论!