ཞི་ཅིན་ཕིང་གིས་པི་ཨའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ5པའི་ཚེས7ཉིན་སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད།
ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་དང་སི་ར་ལ་ཨོང་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ50འཁོར་བའི་ལོ་ཞིག་རེད། དུས་རབས་ཕྱེད་ཀ་ཙམ་རིང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་སི་ར་ལ་ཨོང་གཉིས་པོས་ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་ཆེ་གྲས་ཐད་རྒྱབ་སྐྱོར་ཞུ་རེས་བྱས་ཡོད་པ་དང་། ཨའེ་པོ་ལ་དང་ཏོག་གསར་གློ་ཚད་སོགས་རིམས་ནད་ཆེ་གྲས་ཀྱི་འགག་རྩའི་མདུན་དུ་བློ་རྩ་བརྟན་པོས་མཉམ་དུ་ལངས་ཡོད། ཕྱོགས་གཉིས་པོས་སྔ་བར་ཕྱི་གསུམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པས་རྒྱལ་ཁབ་གཉིས་པོ་ནི་སྤུན་གྲོགས་བཟང་པོ་དང་གྲོགས་པོ་བཟང་པོ་ཞིག་རེད། ཀྲུང་གོས་སི་ར་ལ་ཨོང་ལ་རོགས་སྐྱོར་བྱས་པའི་སྨན་བཅོས་རུ་ཁག་དང་རིགས་གཅིག་མཁས་པའི་ཚོ་ཆུང་། རིམས་འགོག་དངོས་ཟོག་དང་རིམས་འགོག་སྨན་ཁབ་བཅས་ཀྱིས་སི་ར་ལ་ཨོང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་ཕན་ནུས་ཆེན་པོ་ཐོན་ངེས་ཡིན་ན། ཀྲུང་གོས་མུ་མཐུད་སི་ར་ལ་ཨོང་བར་གྱི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སི་ར་ལ་ཨོང་གིས་རིམས་ནད་འགོག་བཅོས་བྱ་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བྱ་འདོད་ཡོད་ཅེས་གསུངས་ཡོད།
ཞི་ཅིན་ཕིང་གིས། སྤྱི་ལོ2021ལོ་ནི་ཀྲུང་གོ་དང་སི་ར་ལ་ཨོང་རྒྱལ་ཁབ་གཉིས་པོ་དང་ཏང་གཉིས་པོ། དེ་བཞིན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བཅས་ཀྱི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བའི་ལོ་ཞིག་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡག་པོ་གཉེར་དགོས་པ་དང་། སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་དང་གཉིས་ཕན་མཉམ་ལས་རྒྱ་བསྐྱེད། ཐུན་མོང་གོང་འཕེལ་བཅས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་མུ་མཐུད་དེ་སི་ར་ལ་ཨོང་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་པའི་ཐད་ནུས་ཤུགས་གང་ཡོད་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་ཡིན། འཛམ་གླིང་གི་ལོ་བརྒྱར་འཕྲད་དཀའ་བའི་འགྱུར་ལྡོག་ཆེན་མོའི་མདུན་དུ་ཕྱོགས་གཉིས་པོས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དང་ཕན་ཚུན་བར་འགྱུར་མེད་ཀྱི་རྒྱབ་སྐྱོར་ཞུས་ཏེ་མཉམ་དུ་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ལ་སྲུང་སྐྱོབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོས་སི་ར་ལ་ཨོང་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་ཁོངས་སུ་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
པི་ཨའོ་ཡིས། ང་རང་ནས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བ་དང་སི་ར་ལ་ཨོང་དང་ཀྲུང་གོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ50འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོས་མི་དམངས་ལྟེ་བར་འཛིན་པ་དང་། དབུལ་ཕོངས་སེལ་བ་དང་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་བཅོས་བྱ་རྒྱུར་ཐོབ་པའི་གྲུབ་འབྲས་ཆེན་པོ་ལས་གཅིག་ནས་ཀྲུང་གོ་དེ་བས་སྟོབས་ཆེར་སོང་བ་དང་། གཉིས་ནས་འཛམ་གླིང་གི་ཞི་བདེ་བདེ་འཇགས་དང་དཔལ་འབྱོར་འཕར་སྣོན་ཡོང་བའི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་བ་མངོན་གྱི་ཡོད། ཀྲུང་གོས་སི་ར་ལ་ཨོང་ལ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་དེ་བཞིན་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་བཅོས་བྱེད་པར་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ནི་སི་ར་ལ་ཨོང་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་གྲོགས་པོ་ངོ་མ་དང་བློས་འགེལ་ཆོག་པའི་གྲོགས་པོ་བཟང་པོ་ཡིན། སི་ར་ལ་ཨོང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་དང་ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། མངའ་ཁོངས་ས་ཆ་ཆ་ཚང་བཅས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། སི་ར་ལ་ཨོང་གིས་ཀྲུང་གོ་དང་མཉམ་དུ་སི་ཀྲུང་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བ་དང་། སློབ་གསོ་དང་འཕྲོད་བསྟེན། འབྲུ་རིགས་བདེ་འཇགས་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་ཁོངས་སུ་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
ཞི་ཅིན་ཕིང་གིས《རྩོམ་རིག་དང་། ལོ་རྒྱུས་རིག་པ། མཚན་ཉིད་རིག་པ》དུས་དེབ་ཀྱི་རྩོམ་སྒྲིག་པུའི་རྩོམ་སྒྲིག་པ་ཡོངས་ལ་འཕྲིན་ལན་སྤྲིངས་པ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ5ཚེས9ཉིན《རྩོམ་རིག་དང་། ལོ་རྒྱུས་རིག་པ། མཚན་ཉིད་རིག་པ》དུས་དེབ་ཀྱི་རྩོམ་སྒྲིག་པུའི་རྩོམ་སྒྲིག་པ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་དུས་དེབ་ཡག་པོ་གཉེར་རྒྱུའི་ཐད་ཐུགས་རེ་ནན་པོ་གནང་བ་རེད།
ཞི་ཅིན་ཕིང་གི་འཕྲིན་ལན་ནང་། 《རྩོམ་རིག་དང་། ལོ་རྒྱུས་རིག་པ། མཚན་ཉིད་རིག་པ》ཡི་དུས་དེབ་བཏོན་ནས་ལོ་ངོ70སོང་རིང་ཏང་གི་འགོ་ཁྲིད་འོག་རྩོམ་སྒྲིག་པ་མི་རབས་ཁ་ཤས་ཀྱིས་གཞུང་དྲང་གསར་གཏོད་དང་གཅིག་རྒྱུད་གཅིག་འཛིན་བྱས་ཏེ་ཀྲུང་ཧྭའི་ཤེས་དཔལ་དར་སྤེལ་དང་རིག་གཞུང་ཞིབ་འཇུག་དར་རྒྱས་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་པས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད། ཁྱེད་ཚོའི་འབད་བརྩོན་ལ་ཁས་ལེན་བྱེད་འོས་པ་ཞིག་རེད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་བའི་ལ་རྒྱ་དང་གཏིང་ཤུགས་ཆེ་རུ་བཏང་སྟེ་འཛམ་གླིང་ཡོངས་ཀྱིས་ཀྲུང་གོ་ཤེས་རྟོགས་དང་རྒྱུས་མངའ་ལོན་ཐུབ་པ་བྱེད་པར་ཀྲུང་ཧྭའི་ཤེས་དཔལ་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ལོ་རྒྱུས་དང་དོན་དངོས་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་ཐོག་ནས་ཇི་ལྟར་བྱས་ཏེ་ཀྲུང་གོའི་འགྲོ་ལམ་རྒྱུན་འཁྱོངས་དང་། ཀྲུང་གོའི་སྙིང་སྟོབས་དར་སྤེལ། ཀྲུང་གོའི་སྟོབས་ཤུགས་གཅིག་སྡུད་བཅས་དེ་བས་ལེགས་པ་བྱ་རྒྱུའི་ཐད་གསལ་འགྲེལ་གཏིང་ཟབ་བྱེད་དགོས། ཞིབ་འཇུག་བྱ་གཞི་གལ་ཆེན་དེར་ལན་ཡག་པོ་ཞིག་འདེབས་པར་རྒྱ་ཆེའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པ་དང་དུས་རབས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་གཞན་སྒྱུར་དང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་རིག་གཞུང་དུས་དེབ་ངོས་ནས་ཐོག་མའི་བསམ་འདུན་བརྟན་པོ་སྲུང་བ་དང་གསར་གཏོད་སྣེ་ཁྲིད་བྱས་ཏེ་ཆུ་ཚད་མཐོ་བའི་ཞིབ་འཇུག་གི་གྲུབ་འབྲས་མངོན་པར་བྱེད་པ་དང་། ཕུལ་བྱུང་རིག་གཞུང་ཤེས་ལྡན་མི་སྣ་འཚར་ལོངས་ཡོང་རྒྱུར་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁྱེད་ཚོས་ཡང་འབད་བསྐྱར་འབད་ཀྱིས་དུས་དེབ་དེ་བས་ལེགས་པ་གཉེར་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
ཧྲན་ཏུང་སློབ་ཆེན་གྱི《རྩོམ་རིག་དང་། ལོ་རྒྱུས་རིག་པ། མཚན་ཉིད་རིག་པ》ཡི་དུས་དེབ་དེ1951ལོའི་ཟླ5པར་བཏོན་པ་དང་དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་གསར་དུ་བཏོན་པའི་མཐོ་སློབ་ཀྱི་རིག་གནས་ཚན་ཁག་གི་སློབ་གྲྭའི་དུས་དེབ་ཐོག་མ་དེ་རེད་ལ། རང་རྒྱལ་དུ་མིག་སྔར་དུས་དེབ་བཏོན་ནས་དུས་ཚོད་རིང་ཤོས་སོང་བའི་ཕྱོགས་བསྡུས་རང་བཞིན་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤྱི་ཚོགས་ཚན་རིག་གི་རིག་གཞུང་དུས་དེབ་ཅིག་ཀྱང་རེད། ཉེ་དུས《རྩོམ་རིག་དང་། ལོ་རྒྱུས་རིག་པ། མཚན་ཉིད་རིག་པ》དུས་དེབ་ཀྱི་རྩོམ་སྒྲིག་པུའི་རྩོམ་སྒྲིག་པ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་དུས་དེབ་གཉེར་ཏེ་ལོ་ངོ70ཡི་རིང་ཐོབ་པའི་གྲུབ་འབྲས་སྙན་སེང་ཞུས་པ་དང་དུས་རབས་ཀྱི་འགན་འཁྲི་འཁུར་ཐུབ་པ་དང་། དུས་དེབ་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། མི་རིགས་བསྐྱར་དར་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་བཅས་བྱ་རྒྱུའི་ཆོད་སེམས་མངོན་པར་བྱས་ཡོད།
རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་ཧམ་ལེ་ཐེའི་ཟློས་གར་འཁྲབ་སྟོན་བྱས་པ།
ཟླ5པའི་ཚེས7ཉིན་ནས་བཟུང་། ཧྲང་ཧའེ་ཟློས་གར་སློབ་གླིང་བོད་ལྗོངས་འཛིན་གྲྭའི་སློབ་མས་འཁྲབ་སྟོན་བྱས་པའི་དཔེ་མཚོན་ཟློས་གར《ཧམ་ལེ་ཐེ》ཞེས་པ་དེ་ཧྲང་ཧའེ་རུ་བསྟུད་མར་འཁྲབ་སྟོན་བྱས་པ་རེད། ད་ཐེངས་ཀྱི་འཁྲབ་སྟོན་ལ“སྤྱི་སྐད”དང“བོད་སྐད”ཀྱི་པར་གཞི་གཉིས་ཀྱི་དཔེ་མཚོན་འཁྲབ་ཚན་བགོས་ཡོད་པ་དང་། འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་སྒྱུ་རྩལ་ཤེས་ལྡན་པ་གསོ་སྐྱོང་ཡུན་རིང་བྱེད་མཁན་མཐོ་སློབ་དང་། བོད་ལྗོངས་ལ་དོ་ཁུར་བྱེད་མཁན་སྒྱུ་རྩལ་མཁས་ཅན། དེ་བཞིན་སློབ་མ་ཚོ་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན་ལ། དེར་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་འདུས་ཡོད།
འཁྲབ་ཚན་འདིའི་ཁྲོད་འཁྲབ་སྟོན་སྒྱུ་རྩལ་པ་གྲགས་ཅན་དང་། ཀྲུང་གོའི་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི། པེ་ཅིང་མི་དམངས་སྒྱུ་རྩལ་ཟློས་གར་གླིང་གི་ཡོན་ཀྲང་གཞོན་པ་ཟུར་པ་ཕུའུ་ཚུན་ཞིན་ཆེད་དུ་གདན་འདྲེན་ཞུས་ནས་འཁྲབ་འཁྲིད་པའི་འགན་འཁུར་གནང་པ་རེད།
ཇོ་མོ་གླང་མར་འཛེག་མཁན་ཁག་ཅིག་ལ་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ཐོན་པ།
ཉེ་ཆར་ནེ་པ་ལའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དཔྱིད་དུས་རི་འཛེག་དུས་ཚིགས་སུ་རི་བོ་དྷ་ཨུ་ལ་ཀི་དང་ཇོ་མོ་གླང་མའི་རི་འཛེག་མཁན་ཁ་ཤས་ལ་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ཐོན་ཡོད་ཅེས་བཤད་པ་རེད། གནས་ཚུལ་ལས་ས་གནས་དེ་གའི་དུས་ཚོད་ཟླ5པའི་ཚེས4ཉིན། རི་བོ་དྷ་ཨུ་ལ་ཀིའི་སྒར་ས་ཆེན་མོ་ནས་ཀ་ཏ་མན་རྡུ་རུ་ཕྱིར་འཐེན་བྱས་པའི་ནེ་པ་ལའི་ཤར་པའི་རི་འཛེག་མཉམ་ལས་མི་སྣ4ལ་ཚེས5ཉིན་ཏོག་གསར་ནད་དུག་ལ་ཞིབ་དཔྱད་ཚད་ལེན་བྱས་རྗེས་ནད་རྟགས་མངོན་པས། མི་རྣམས་ཀྱིས་ཇོ་མོ་གླང་མར་འཛེག་རྒྱུ་ཚུད་པའི་རི་འཛེག་དཔུང་ཁག་ལ་སེམས་ཁྲལ་སྔར་བས་ཆེན་པོ་བྱེད་ཀྱིན་ཡོད་ཅེས་བཀོད་ཡོད།
བོད་ལྗོངས་ལྷ་སའི་གོང་དཀར་གནམ་ཐང་གི་གནམ་གྲུ་སྡོད་གནས་གསར་པ10དང་ཟོག་འདྲེན་ས་ཚིགས་གསར་པ་བསྟུད་མར་སྤྱོད་འགོ་ཚུགས་པ་རེད།
ཟླ5པའི་ཚེས9ཉིན་གྱི་ཆུ་ཚོད12སྟེང་། སི་ཁྲོན་མཁའ་འགྲུལ་གྱི3U8817གནམ་གྲུ་བདེ་བླག་ངང་ལྷ་སའི་གོང་དཀར་གནམ་ཐང་གི་གནམ་གྲུ་སྡོད་གནས16པར་བབས་པ་དང་བསྟུན། གནམ་ཐང་དེ་གའིT3མཁའ་འགྲུལ་ཐོག་ཁང་གི་ནུབ་ཕྱོགས་སྡིངས་ཆར་གསར་བཟོས་གནམ་གྲུ་སྡོད་གནས10དངོས་སུ་སྤྱོད་འགོ་ཚུགས་པ་རེད། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། གནམ་ཐང་གི་ཟོག་འདྲེན་ས་ཚིགས་ཀྱང་ཟླ5པའི་ཚེས10ཉིན་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
གྱེན་འཕུར་གནམ་གྲུ་ཞིག་ལ་དོན་རྐྱེན་བྱུང་ནས་མཚེའུ་ནང་དུ་ལྷུང་པ།
ཡུན་ནན་ཞིང་ཆེན་ཏ་ལི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཐོག་མར་ཞིབ་དཔྱད་བྱས་པ་བརྒྱུད་དེ་ཨེར་ཧའེ་མཚེའུ་ནང་ལྷུང་བའི་གྱེན་འཕུར་གནམ་གྲུ་རུ་ཁྱོན་བསྡོམས་གནམ་གྲུའི་ལས་དོན་མི་སྣ4ཡོད་ཅིང་། ཡུལ་དངོས་ནས་འཚོལ་སྐྱོབ་བྱས་པ་བརྒྱུད་ཆུ་ཚོད11དང་སྐར་མ40ནས་ཆུ་ཚོད15དང་སྐར་མ15ཙམ་གྱི་དབར་སྔ་རྗེས་སུ་གནམ་གྲུའི་ལས་དོན་མི་སྣ2རྙེད་པ་དང་དེ་མ་ཐག་ཏུ་ཡུལ་དངོས་དང་སྨན་ཁང་ཕྱོགས་ནས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་ཡོད་པ་རེད།
བསོད་ནམས་ཚེ་རིང་དང་རིན་ཆེན་སྒྲོལ་མར་བྱ་དགའ་ཐོབ།
ཉེ་ཆར། ཅང་སུའུ་ཞིང་ཆེན་ཐིའེ་ཚང་གྲོང་ཁྱེར་དུ་སྤེལ་བའི“ལྕགས་མིའི་བུམ་པའི” 2021ལོའི་རྒྱལ་ཡོངས་ཀྱི་འགྲོ་རྩལ་ཨང་དང་པོའི་འགྲན་བསྡུར་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཐོབ་ཐང་འགྲན་བསྡུར་ཁྲོད། བོད་ཀྱི་བདམས་ཐོན་པ་བསོད་ནམས་ཚེ་རིང་གིས་ཆུ་ཚོད2དང་སྐར་མ39སྐར་ཆ39ཡི་གྲུབ་འབྲས་ཐོག་ནས་སྐྱེས་པའི་སྤྱི་ལེ30ཡི་འགྲོ་རྩལ་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས་པ་དང་རིན་ཆེན་སྒྲོལ་མས་སྐར་མ48དང་སྐར་ཆ23གྱི་གྲུབ་འབྲས་ཐོག་ནས་བུད་མེད་ཀྱི་སྤྱི་ལེ་10ཡི་འགྲོ་རྩལ་འགྲན་བསྡུར་ཁྲོད་ཨང་གསུམ་པ་བླངས་པ་རེད།
རྒྱལ་ཡོངས་ཀྱི་སྤྱིའི་མི་འབོར1411778724ཟིན་ཡོད།
ཚེས11ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་སྤྱིའི་མི་འབོར་ཁྲི141178(དུང་ཕྱུར14.1178)ཟིན་པ་དེ2010ལོའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་མི་ཁྲི133972(དུང་ཕྱུར13.3972)དང་བསྡུར་ན། མི་ཁྲི7206མང་དུ་ཕྱིན་པ་དང་། 5.38%འཕར་ཡོད་ཅིང་། ལོ་རེའི་ཆ་སྙོམས་འཕར་ཚད0.53%ཟིན་ཡོད། དེ2000ལོ་ནས2010ལོའི་བར་གྱི་ལོ་རེའི་ཆ་སྙོམས་འཕར་ཚད0.57%དང་བསྡུར་ན་བརྒྱ་ཆའི་གྲངས0.04མར་ཆགས་ཡོད། གཞི་གྲངས་ལྟར་ན་རང་རྒྱལ་གྱི་མི་འབོར་ལོ10ཡི་རིང་མུ་མཐུད་དུ་མྱུར་ཚད་དལ་བའི་སྒོ་ནས་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། རྒྱལ་ཡོངས་ཀྱི་མི་འབོར་ནང་སྐྱེས་པའི་མི་ འབོར723339956ཡོད་པ་དེས51.24%ཟིན་པ་དང་། བུད་མེད་ཀྱི་མི་འབོར་ནི688438768ཡིན་པ་དེས48.76%ཟིན་ལ། མི་གྲངས་བསྡོམས་འབོར་གྱི་ཕོ་མོའི་བསྡུར་ཚད་ནི105.07ཡིན།
དྲ་གྲོགས་ལྷན་རྒྱས་ཐེངས་རྗེས་མར་སླར་ཡང་མཇལ།
最近的怎么没有更新呢,已经停了吗?
谢谢 多发发藏语
还是藏语好听😄
特别棒
👍👍👍👍
继续加油
🫰
好久没听藏语新闻了 以后要多听啊桑杰