དེ་རིང་གི་འཚོ་བའི་རྒྱུན་ཤེས་ལེ་ཚན་ནང་སྤྱི་བདེ་པུས་བདེ་འཇགས་དོ་དམ་གྱི་དམངས་ཕན་བྱ་ཐབས་ཁག་15བཏོན་པ་དང་སློབ་འགོ་འཛུགས་པར་སློབ་གསོ་པུས་ཆ་རྐྱེན་གསུམ་བཏོན་ཡོད་པ། དྲ་ཐོག་སློབ་ཁྲིད་ལ་ཞུགས་མཁན་སློབ་མ་ཚོས་“དྲ་རྐུན་”ལ་ཉེན་ཟོན་བྱ་དགོས་པ་བཅས་ཞུ་གི་ཡིན།
སྤྱི་བདེ་པུས་བདེ་འཇགས་དོ་དམ་གྱི་དམངས་ཕན་བྱ་ཐབས་ཁག་15བཏོན་པ།
རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གནས་སྡོད་ལག་ཁྱེར་གྱི་དུས་ཚོད་ཐིམ་པ་དང་ཐོབ་ཐང་ལག་ཁྱེར་བོར་བརླག་བྱུང་ན་ཇི་ལྟར་བྱེད་དགོས་སམ། ཟླ་3པའི་ཚེས་20ཉིན་གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། སྤྱི་བདེ་པུས་ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་བདེ་འཇགས་དོ་དམ་གྱི་དམངས་ཕན་དང་ཁེ་ལས་ལ་ཕན་པའི་བྱེད་ཐབས་ཁག་15བཏོན་པ་རེད།
གཅིག ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་མང་ཚོགས་ལ་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་། སྡོད་གནས་ལག་ཁྱེར། གྲོང་མིའི་ཐེམ་ཐོ་བཅས་གཉེར་ཏེ“ལྗང་མདོག་བགྲོད་ལམ”བཏོད་ནས་སྔོན་ལ་བདག་སྤྲོད་དང་སྔོན་ལ་འགྲེམ་སྤེལ་བྱེད་པ།
གཉིས། མང་ཚོགས་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་དུས་ཡུན་ཐིམ་པའམ་ཡང་ན་བོར་བརླག་བྱུང་ཚེ། ད་ལྟའི་གནས་ཡུལ་གྱི་ཐག་ཉེ་སའི་སྤྱི་བདེ་མངགས་གཏོང་ཁང་ནས་བརྗེ་ལེན་དང་གསབ་ལེན་བྱེད་ཆོག
གསུམ། ཞིང་ཆེན་བརྒལ་ནས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གཉེར་རྒྱུའི་རེ་འདུན་ཞུ་མཁན་ལ་མང་ཚོགས་ཀྱིས་ཡིག་ཐོག་གི་ཁས་ལེན་བྱས་པ་བརྒྱུད་ས་གནས་དེ་གར་ལས་ཞུགས་དང་། སློབ་ཞུགས། སྡོད་གནས་བཅས་ཀྱི་དཔང་ཡིག་སྤྲོད་མི་དགོས་པར་སྤྱི་བདེ་ལས་ཁུངས་ཀྱིས་ལག་ཁྱེར་གཉེར་མིར་ཞིབ་མཆན་བཀོད་རྗེས་འཕྲལ་དུ་སྒྲུབ་ཆོག
བཞི། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དུས་བཀག་ཐིམ་པའི་ཐེམ་སྒྱུར་ལག་ཁྱེར་གྱི་གོ་ཆོད་དུས་བཀག་དེ་རིམས་ནད་མཇུག་འགྲིལ་རྗེས་ཀྱི་ཉིན་30བར་ནར་འགྱངས་བྱེད་པ།
ལྔ། གནས་སྡོད་ལག་ཁྱེར་རེ་ཞུ་བྱེད་པའི་གྲངས་འབོར་ཅུང་མང་བའི་ཁེ་ལས་དང་བྱ་གཞག་ཚན་པར་སྤྱི་བདེ་མངགས་གཏོང་ཁང་སྒོ་རྩར་ཡོང་ནས་ཆ་འཕྲིན་འཚོལ་བསྡུ་དང་གཅིག་སྡུད་ཐོག་བདག་སྤྲོད་དང་སྒྲིག་བཟོ་བྱེད་པ།
དྲུག རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དུས་བཀག་ཐིམ་པའི་གནས་སྡོད་ལག་ཁྱེར་གྱི་གོ་ཆོད་དུས་ཚད་དེ་རིམས་ནད་མཇུག་འགྲིལ་རྗེས་ཀྱི་ཉིན་30བར་རིང་དུ་གཏོང་རྒྱུ་དང་། ཉིན་30ནང་ཚུན་དུ་མཆན་འགོད་འགྲོ་ལུགས་གསབ་གཉེར་བྱེད་པའི་གནས་སྡོད་དུས་བཅད་མུ་མཐུད་བརྩི་བ།
བདུན། ཐེམ་དོན་ལས་སྒོ་འཕྲལ་དུ་གཉེར་དགོས་པའི་མང་ཚོགས་ལ་སྤྱི་བདེ་ཐེམ་དོན་སྡེ་ཚན་དང་མངགས་གཏོང་ཁང་གིས་དྲ་ཐོག་ཞབས་ཞུའི་ལས་སྟེགས་དང་། རང་འགུལ་ཞབས་ཞུའི་སྒྲིག་ཆས། ཁ་པར་སོགས་ཀྱི་བྱ་ཐབས་བརྒྱུད་སྲིད་ཇུས་བློ་འདྲི་དང་། ཆ་འཕྲིན་འདྲི་རྩད། ཁ་ཆད་སྒྲུབ་གཉེར་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ།
བརྒྱད། སྤྱི་བདེའི་རྨང་གཞིའི་ལས་སྒོའི་ཐོན་ཁུངས་སྤྱད་དེ་ཁེ་ལས་ལ་ལས་བཟོའི་ཆ་འཕྲིན་ཞིབ་དཔྱད་བྱེད་རོགས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་མི་སྣ་ལོགས་བཀར་ལྟ་ཞིབ་བྱེད་པར་ཆ་འཕྲིན་གྱི་འདེགས་སྐྱོར་མཁོ་འདོན་བྱེད་པ་དང་། ཁེ་ལས་དང་དེ་བཞིན་ལས་བཟོར་བདེ་འཇགས་ངང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་གནད་སྨིན་མཛུབ་ཁྲིད་བྱེད་པ།
དགུ། གཙོ་གནད་ཁེ་ལས་ཀྱི་“ཁེ་ལས་གཅིག་ལ་ཉེན་རྟོག་གཅིག་”དང་། “ཁེ་ལས་གཅིག་ལ་ཐབས་ཇུས་གཅིག་”བཅས་ཀྱི་བྱེད་ཐབས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱི་དགོས་མཁོ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱེད་པ། ཁེ་ལས་ལ་དཀའ་ངལ་འཕྲད་པའི་གནས་ཚུལ་བརྟག་དཔྱད་དང་མཐིལ་རྟོགས་བྱེད་པ། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་དཀའ་གནད་ཐག་གཅོད་བྱེད་རོགས་བྱེད་པ།
བཅུ། གཙོ་གནད་ཁེ་ལས་དང་གཙོ་གནད་གླིང་ཁུལ་ནང་ཁུལ་དང་དེའི་མཐའ་འཁོར་གཙོ་གནད་དུ་བཟུང་ནས་ནང་ཁུལ་གྱི་བདེ་འཇགས་ཉེན་ཟོན་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ་དང་། མཐའ་སྐོར་སྐོར་སྲུང་བྱེད་ཤུགས་མཐུན་སྦྱོར་ངང་ཆེ་རུ་གཏོང་བ། ཁེ་ལས་དང་འབྲེལ་བ་ཡོད་པའི་ཉེན་རྟོག་པའི་གནས་ཚུལ་མགྱོགས་མྱུར་ཐག་གཅོད་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་གྱོད་གཞི་མགྱོགས་མྱུར་མྱུལ་ཞིབ་བྱས་ནས་ཁེ་ལས་ཀྱི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་པ།
བཅུ་གཅིག བདེ་སྲུང་ལས་གཉེར་ཚན་པས་ནད་ཡམས་ཐོན་རིང་བདེ་སྲུང་བ་བསྡུ་སྐབས་སྔོན་ལ་ལས་གནས་ཐོག་བསྡུ་ཆོག་པ་དང་། དུས་མཚུངས་ཉིན་30ནང་བདེ་སྲུང་བའི་ལག་ཁྱེར་ལེན་རྒྱུའི་སྦྱོང་བརྡར་སྒྲིག་འཛུགས་བྱེད་པ།
བཅུ་གཉིས། བདེ་སྲུང་པའི་ཡིག་རྒྱུགས་དྲ་ཐོག་ཐོ་འགོད་དང་། དྲ་ཐོག་ཞིབ་བཤེར། ཁ་ཆད་རྒྱུགས་སྤྲོད་བཅས་ཁྱབ་གདལ་གཏོང་རྒྱུ། སྤྱི་བདེ་ལས་ཁུངས་ཀྱིས་བདེ་སྲུང་བའི་ལག་ཁྱེར་སྤྲད་དེ་སྦྲག་ཐོག་ནས་བདེ་སྲུང་ལས་གཉེར་ཚན་པར་སྐྱེལ་བ།
བཅུ་གསུམ། བདེ་སྲུང་ཁེ་ལས་ཀྱིས་སྨན་ཁང་དང་། དངུལ་རྩའི་ཚན་པ། ཁེ་ལས། རྨང་གཞིའི་སྒྲིག་བཀོད་གལ་ཆེན་སོགས་གཙོ་གནད་ཚན་པ་དང་གནས་ཡུལ་གྱི་བདེ་སྲུང་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཚན་པ་བསྐྱར་དུ་ལས་འགོ་ཚུགས་རྒྱུར་ཞབས་འདེགས་ཧུར་ཐག་ཞུ་བ།
བཅུ་བཞི། གསར་དུ་བཙུགས་པའི་ཁེ་ལས་ཀྱི་གཞུང་ཐམ་རྐོ་བཟོ་ཐོ་འགོད་བྱེད་པར། ལག་ཁྱེར་མང་པོ་གཅིག་འགྲིལ་དང་། དྲ་གཅིག་ཀུན་འཐུས་བྱེད་པ། གཞུང་ཐམ་བརྐོ་བཟོ་གཉེར་སྐྱོང་ཚན་པས་དྲ་ཐོག་ནས་སྒྲུབ་པ་དང་། ལས་ཀའི་ཉིན་གྲངས་1ནང་བརྐོས་ཚར་བ་བྱེད་པ་བཅས་ཁྱབ་སྤེལ་བཏང་སྟེ་སྦྲག་ཐོག་ནས་བསྐུར་བ་སོགས་ཀྱི་བྱ་ཐབས་བརྒྱུད་གཞུང་ཐམ་སྤྲད་ཆོག་པ།
བཅོ་ལྔ། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ཡུལ་སྐོར་ལས་རིགས་དང་། གཞུང་ཐམ་བརྐོ་བཟོ་ལས་རིགས་སོགས་ལས་རིགས་ཀྱི་དྲ་ཐོག་ཞིབ་བཤེར་ཆོག་མཆན་དང་ཐོ་འགོད་སྙན་སེང་ཁྱབ་སྤེལ་བཏང་སྟེ་ཞིབ་མཆན་ཐོ་འགོད་ཀྱི་ལས་ཕྱོད་ཆེ་རུ་བཏང་ནས་ཁེ་ལས་ལ་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱེད་པ།
གོམ་སྟབས་རྗེས་མར་སྤྱི་བདེ་པུས་ལས་དོན་བཀོད་སྒྲིག་ཞིབ་ཚགས་སུ་གཏོང་བ་དང་། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། དཔྱད་དཔོག་དང་ཕན་འབྲས་འདྲི་བ་བཅས་བྱས་ནས་དམངས་ཕན་དང་ཁེ་ལས་ལ་ཕན་པའི་་བྱེད་ཐབས་ཁག་15དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་ཏེ། ཁེ་ལས་དང་མང་ཚོགས་ཀྱི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་ལ་སྟབས་བདེའི་ཆ་རྐྱེན་དེ་བས་ལེགས་པ་གཏོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་ཡིན་པ་རེད།
སློབ་འགོ་འཛུགས་པར་སློབ་གསོ་པུས་ཆ་རྐྱེན་གསུམ་བཏོན་འདུག
རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སློབ་འགོ་འཛུགས་པར་སློབ་གསོ་པུས་བྱེད་ཐབས་གང་ཞིག་བཏོན་ཡོད་ཅེ་ན། སློབ་གསོ་པུས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཏེང་ཧྥུང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། སློབ་འགོ་ཚུགས་པའི་དུས་ཚོད་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་བརྡར་ཤ་གཅོད་དགོས་ལ། གཤམ་གྱི་ཆ་རྐྱེན་འདི་གསུམ་ཡང་འཛོམ་དགོས་ཞེས་བརྗོད་འདུག
ཝང་ཏེང་ཧྥུང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་བརྡ་ཐོར་བལྟས་ན། ད་དུང་མུ་མཐུད་སློབ་འགོ་འཛུགས་རྒྱུ་ནར་འགྱངས་བྱེད་པ་དེ་ནི་རྩ་དོན་ཆེན་པོ་ཞིག་རེད། ཉེ་དུས། སློབ་གསོ་པུས་སློབ་འགོ་ཚུགས་པའི་ཐད་རྩ་དོན་རང་བཞིན་གྱི་བླང་བྱ་ཞིག་བཏོན་ཡོད་དེ། གཤམ་གྱི་ཆ་རྐྱེན་འདི་གསུམ་འཛོམས་རྗེས་སློབ་འགོ་འཛུགས་རྒྱུར་གཞི་ནས་བསམ་བློ་བཏང་ཆོག
གཅིག་ནི་ཏོག་གསར་གློ་ཚད་རིམས་ནད་གཞི་རྩའི་ཆ་ནས་ཚོད་འཛིན་ཐུབ་པ་དང་། དེའི་ཐད་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱ་དགོས་ཤིང་། ཞིབ་ཕྲ་རྫོང་རིམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་དམིགས་དགོས་པ།
གཉིས་ནི་སློབ་འགོ་ཚུགས་པར་ཁྱིམ་བདག་ཚང་མའམ། ཡང་ན་མང་ཆེ་བས་བདེ་འཇགས་ཡིན་པའི་ངོས་འཛིན་བྱ་དགོས་པ།
གསུམ་ནི་སློབ་འགོ་ཚུགས་རྗེས། དགོས་ངེས་ཀྱི་འགོག་སྲུང་དངོས་རྫས་དང་ཆ་རྐྱེན་ཚང་མ་དམིགས་སར་འབྱོར་བ་བྱ་དགོས་པ་བཅས་རེད།
དྲ་ཐོག་སློབ་ཁྲིད་ལ་ཞུགས་མཁན་སློབ་མ་ཚོས་“དྲ་རྐུན་”ལ་ཉེན་ཟོན་དགོས་འདུག
གསར་འགོད་པར་ཉེ་ལམ་ཁྲང་ཧྲ་གྲོང་ཁྱེར་སྤྱི་བདེ་ཅུས་ནས་རྒྱུས་ལོན་བྱུང་བ་གཞིགས་ན། ཁྲང་ཧྲ་གྲོང་ཁྱེར་གྱི་གློག་འཕྲིན་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱིས་ཉེ་ཆར་དྲ་ཐོག་སློབ་ཁྲིད་ལ་ཞུགས་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་མགོ་སྐོར་གཏོང་བའི་“དྲ་རྐུན་”བྱུང་བ་དང་། སློབ་མ་མི་ཉུང་བ་ཞིག་གཡོ་འོག་ཏུ་ཚུད་པའི་གནས་ཚུལ་བྱུང་འདུག་པས། ཉེན་རྟོག་པས་རྒྱ་ཆེའི་ཁྱིམ་བདག་དང་སློབ་མ་ཚོར་“ཁེ་བཟང་ཤོག་ཆག་”ཅེས་པའི་གཡོ་ཇུས་ལ་ཉེན་ཟོན་བྱ་དགོས་པའི་དྲན་སྐུལ་བྱས་པ་རེད།
ཟླ་2པའི་ཟླ་མཇུག་ཏུ། ཧུའུ་ནན་ཁྲང་ཧྲ་རྫོང་གི་བུ་མོ་ཞའོ་ཞུའེ་ཡིས་ཨ་མའི་ལག་ཐོགས་ཁ་པར་སྤྱད་ནས་དྲ་ཐོག་སློབ་ཚན་ལ་བལྟས་ཤིང་། སློབ་ཚན་ཚར་རྗེས་“XXཡི་ཧྥེན་སི་ཚོགས་པ་”ཞེས་པའི་QQཚོགས་པ་ཞིག་མིག་ལམ་དུ་མངོན་བྱུང་བས། སྐར་ཆེན་མི་སྣར་དགའ་མོས་ཆེ་བའི་ཞའོ་ཞུའེ་ཚོགས་པ་དེའི་ནང་ཞུགས། ཚོགས་པ་དེར་ཚོགས་གཙོས་“ཁེ་བཟང་ཤོག་ཆག་”གི་རོལ་རྩེད་རྩེ་བཞིན་འདུག་པས་ཁོ་མོས་ཚོད་ལྟ་བྱེད་འདུན་གྱིས་QQཨང་གྲངས་ནང་འཇུག་བྱས་ནས་“ཨང་བཤེར་ཁེ་བསྒྱུར་”བྱེད་སྒོ་འགོ་བརྩམས། ཁོ་མོས་ཨ་མའི་ཁ་པར་ལས་སྒོར་300སྤྲད་མོད། ཕ་རོལ་པོས་གཏའ་དངུལ་སྤྲོད་དགོས་པ་དང་ད་དུང་རྩ་གཉིས་ཨང་རྟགས་བཤེར་ནས་སྒོར་588སྤྲད་ན་ཁེ་བཟང་སྒོར་3888ཕྱིར་སློག་རྒྱུ་ཁས་ལེན་བྱས། འོན་ཀྱང་ཞའོ་ཞུའེ་ཡིས་སྒོར་588སྤྲད་རྗེས་ཕ་རོལ་པོས་ཁ་གཡར་ས་བཙལ་ནས་ཁེ་བཟང་སྤྲོད་རྒྱུ་ནར་འགྱངས་བྱེད་འགོ་བརྩམས།
ཕ་རོལ་པོས་ཞའོ་ཞུའེ་ནི་དམའ་འབྲིང་སློབ་མ་ཞིག་ཡིན་པ་ཤེས་རྗེས། ཁོ་མོའི་ཨ་མའི་སྐད་འཕྲིན་ཨང་གྲངས་དང་གཏོང་སྤྲོད་གསང་གྲངས་གཡོ་ལེན་བྱས་པ་མ་ཟད། ཞའོ་ཞུའེ་ཡི་ཨ་མའི་སྐད་འཕྲིན་ནང་འཛུལ་ནས་དངུལ་རྩིས་སྒྱུར་ཐེངས་14བྱས་ནས་ཁྱོན་སྒོར་27700ལྷག་ཙམ་གཡོ་ལེན་བྱས་ཤིང་ཞའོ་ཞའེ་ཡང་ཐོ་ནག་ཏུ་བཅུག་པ་རེད། ཞའོ་ཞུའེ་ཡིས་མགོ་སྐོར་ཐེབས་པ་ཤེས་རྗེས་ཁྱིམ་བདག་ལ་གནས་ཚུལ་བཤད་ཅིང་། ཁོ་མོའི་ཨ་མས་འཕྲལ་མར་འབྲེལ་ཡོད་ཚན་པར་སྙན་སེང་ཞུས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་ཁྲང་ཧྲ་གྲོང་ཁྱེར་གྱི་གློག་འཕྲིན་ཁ་བསླུས་འགོག་རྒོལ་ལྟེ་གནས་ལ་“ཁེ་བཟང་ཤོག་ཆག་”གི་ཁ་བསླུས་གྱོད་དོན་གཏུག་བཤེར་རྒྱག་མཁན་9བྱུང་ལ། གནོད་འཚེ་ཕོག་མཁན་7ནི་ལོ་ན་མ་སོན་པའི་སྐྱེ་བོ་ཡིན་པ་དང་། ཆུང་ཤོས་ལོ་12ལའང་སླེབས་མི་འདུག ལོ་ན་མ་སོན་པའི་སྐྱེ་བོའི་དོགས་ཟོན་འདུ་ཤེས་ཞན་པ་དང་། མགོ་སྐོར་ཐེབས་རྗེས་འཕྲལ་མར་ཁྱིམ་བདག་ལ་བཤད་མི་ཕོད་པས། མགོ་སྐོར་གཡོ་ལེན་བྱས་རིགས་དུས་ཚོད་ཡག་ཤོས་ནང་བཀག་འགོག་བྱེད་ཁག་པའི་གནས་ཚུལ་ལྷགས་ཡོད།
ཁྲང་ཧྲ་གྲོང་ཁྱེར་གྱི་གློག་འཕྲིན་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱིས་དྲན་སྐུལ་བྱས་དོན། ཁྱིམ་བདག་ཚོས་རང་ཉིད་དང་ཕྲུ་གུའི་ཁ་པར་ལ་བདག་སྐྱོང་ཡག་པོ་བྱེད་དགོས་པ་ལས། རང་གི་ཁ་པར་གྱི་གཏོང་སྤྲོད་གསང་གྲངས་སོགས་ཕྲུ་གུར་ཤེས་སུ་འཇུག་མི་རུང་། བྱིས་པའི་རོལ་རྩེད་ལ་ཁྲིད་སྟོན་ལེགས་པོ་བྱེད་དགོས་པ་ལས་བྱིས་པ་དུས་ཡུན་རིང་པོར་གློག་རྡུལ་ཐོན་རྫས་ལ་མགོ་འཁོར་དུ་འཇུག་མི་རུང་། ཉེན་ཟོན་འདུ་ཤེས་ཟབ་ཏུ་བཏང་ནས། ཕྲུ་གུ་ཚོར་དྲ་ཚིགས་ཀྱི་སྦྲེལ་མཐུད་གང་བྱུང་དུ་གནོན་མི་རུང་བ་དང་རང་དགར་རྩིས་ཁོངས་བསྒྱུར་གཏོང་བྱེད་མི་རུང་བའི་དྲན་སྐུལ་བྱས་ཡོད་པ་རེད།
དྲ་གྲོགས་ལྷན་རྒྱས་ཐེངས་རྗེས་མར་སླར་ཡང་མཇལ།
还没有评论,快来发表第一个评论!