ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝེ་དང་མཇལ་མོལ་གནང་བ།
སྤྱི་ཟླ་3པའི་ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝེ་དང་མཇལ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས། མིག་སྔར་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ནས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་མཐའ་མའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཆེད་འབད་འཐབ་བྱེད་བཞིན་ཡོད། རིམས་ནད་ཐོན་པའི་ཐོག་མའི་དུས་སུ། ཙུང་ཐུང་མཆོག་ནས་འཕྲལ་མ་ཉིད་དུ་འཚམས་འདྲིའི་ཡི་གེ་བཏང་གནང་བ་དང་། ད་རེས་སླར་ཡང་ཆེད་མངགས་ཀྲུང་གོར་འཚམས་འདྲིར་ཕེབས་ནས། ཀྲུང་གོའི་ཕྱོགས་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་ཞུ་ལུགས་མཚོན་པར་གནང་ཡོད། ཕ་ཁི་སི་ཐན་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་ནས་ནུས་ཤུགས་ཡོད་རྒུས་ཀྲུང་གོར་དངོས་ཟོག་ཞལ་འདེབས་སུ་ཕུལ་བས། ཀྲུང་གོས་དེར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ཅེས་བསྟན་འདུག
ཞི་ཅིན་ཕིང་གིས། མིག་སྔར། རིམས་ནད་འཛམ་བུ་གླིང་གི་ས་ཆ་མང་པོར་ཁྱབ་ཡོད་པས། རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་དང་། ལག་གདང་དཔུང་སྦྲེལ་གྱིས་རིམས་ནད་འགོག་དགོས་ངེས་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ཐོག ཡོངས་བསྒྲགས་དང་། ཁ་གསལ། འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་རིམས་ནད་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་དང་། སྔོན་འགོག་ཚོད་འཛིན་དང་བརྟག་བཅོས་ཐད་ཀྱི་ཉམས་མྱོང་མཉམ་སྤྱོད་ཞུས་ཡོད། རིམས་ནད་འཛམ་གླིང་ཁྱབ་ཁོངས་ནང་འགོས་ཁྱབ་འགྲོ་བར་བཀག་འགོག་བྱ་རྒྱུའི་ཐད་ཀྲུང་གོས་ལེགས་སྐྱེས་མང་ཙམ་འབུལ་འདོད་ཡོད་ལ། ཕ་ཁི་སི་ཐན་ཕྱོགས་ལ་ཡང་རྒྱབ་སྐྱོར་དང་རོགས་རམ་མུ་མཐུད་བྱ་རྒྱུ་ཡིན་ཞེས་དང་།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཕ་ཁི་སི་ཐན་ཕྱོགས་གཉིས་པོས་འགོ་ཁྲིད་མི་སྣའི་བར་གྱི་རྟག་རྒྱུན་རང་བཞིན་གྱི་འཚམས་འདྲི་དང་ཐུག་འཕྲད་བྱེད་རེས་ཀྱི་སྲོལ་རྒྱུན་རྒྱུན་འཁྱོངས་དང་། གཙོ་གནད་ཁྱབ་ཁོངས་དང་རྣམ་གྲངས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་དེ་རྒྱུད་གཅིག་ལམ་གཅིག་སྤུས་མཐོའི་གོང་འཕེལ་གཏོང་བའི་དཔེ་སྟོན་ལས་གཞིར་འགྱུར་བ་བྱ་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་འབྲེལ་གཏུག་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། བདེ་འཇགས་བཅས་ལ་མཉམ་དུ་སྲུང་སྐྱོབ་བྱ་དགོས། ཕ་ཁི་སི་ཐན་ཕྱོགས་ནས་འབུ་ཆ་ག་པའི་གནོད་འཚེ་སེལ་རྒྱུར་ཀྲུང་གོས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་འདུག
ཨར་ཝེས། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཕན་འབྲས་ཡག་པོ་ཐོན་པས། ངས་ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། གནོད་འཚེའི་མདུན་དུ་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་ནུས་པ་དང་། ཤུགས་ཆེ་བའི་སྐུལ་སློང་ནུས་པ་མངོན་ཡོད། ཀྲུང་གོའི་མི་དམངས་ནི་རྡོག་རྩ་གཅིག་སྒྲིག་བྱེད་མཁན་ཞིག་ཡིན་ལ། བློས་གཏོང་ལ་མི་སྐྲག་མཁན་ཞིག་ཀྱང་རེད། སྟོབས་ཤུགས་འགའ་རེས་རིམས་ནད་ལ་ཁ་གཡར་ནས་ཀྲུང་གོར་མཚན་ཤད་བཟོ་བ་དང་ཀྲུང་གོ་ཁེར་རྐྱང་དུ་འཇོག་འདོད་བྱེད་པ་དེ་ནི་མི་སེམས་ལ་མི་ཟུག་པ་ཞིག་དང་། ལམ་ལྷོངས་མི་ཡོང་བ་ཞིག་རེད། ཕ་ཀྲུང་གཉིས་ནི་སྐྱིད་སྡུག་མཉམ་མྱོང་གི་སྤུན་ཟླ་ཡག་པོ་རེད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་བཤེས་ཟབ་པས་ཇི་སྲིད་བར་དེར་འགྱུར་བ་འགྲོ་མི་སྲིད། དཀའ་ངལ་ཇི་ཙམ་གྱིས་ཆེ་བ་འཕྲད་པའི་སྐབས། ཕ་ཀྲུང་གཉིས་པོའི་མཛའ་བཤེས་དང་མཐུན་སྒྲིལ་དེ་ཙམ་གྱིས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཀྲུང་གོས་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཕ་ཁི་སི་ཐན་ཕྱོགས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཕྱོགས་སུ་ལངས་ནས་མཉམ་དུ་དཀའ་ངལ་ཁྱད་བསད་བྱ་རྒྱུ་ཡིན། ཕ་ཁི་སི་ཐན་ནས་སྔར་རྒྱུན་ལྟར་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ཀྲུང་གོར་རྒྱབ་སྐྱོར་བྱ་རྒྱུ་དང་། ཀྲུང་གོའི་བར་སྤེལ་རེས་དམ་ཟབ་རྒྱུན་འཁྱོངས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཕ་ཁི་སི་ཐན་དང་ཀྲུང་གོའི་དཔལ་འབྱོར་བར་ཁྱམས་འཛུགས་བསྐྲུན་ཡག་པོ་བྱ་རྒྱུ་ཡིན། ཕ་ཁི་སི་ཐན་ནས་མུ་མཐུད་ཀྲུང་གོའི་བར་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐད་ཀྱི་མཉམ་ལས་བྱ་རྒྱུ་དང་། རྒྱལ་སྤྱིའི་ཐོག་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་གསུངས་འདུག
མཇལ་མོལ་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕྱོགས་གཉིས་བར་གྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་དཔང་པོ་གནང་ཡོད།
རྒྱལ་ཁབ་གཉིས་པོས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དུས་དང་རྣམ་པ་ཀུན་གྱི་མཉམ་ལས་རོགས་པའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཡོད་པ་རེད།
ཝང་དབྱི་དང་། ཧོ་ལི་ཧྥེང་སོགས་མཇལ་མོལ་ནང་ཞུགས་ཡོད་པ་རེད།
ཞི་ཅིན་ཕིང་དང་སི་ཕན་གྱི་དབུ་བློན་ནས་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་17ཉིན་གྱི་དགོང་མོ་ཞལ་ཆད་ལྟར་སི་ཕན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སེ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས། ཉེ་ཆར་ཏོག་གསར་གློ་ཚད་སི་ཕན་དུ་ཁྱབ་ཆེར་ཕྱིན་པས། ངས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་སི་ཕན་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་བསྟན་པ་དང་། ཞི་ཅིན་ཕིང་ནས། རྒྱལ་ཡོངས་གོང་འོག་གི་སྟོབས་ཤུགས་གཅིག་སྡུད་ཀྱིས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ཀྲུང་གོའི་ནད་ཡམས་སྔོན་འགོག་ཚོད་འཛིན་ཐད་ཕན་འབྲས་བཟང་པོ་ཐོན་པ་དང་། དཀའ་ཚེགས་ཆེ་ཤོས་ཀྱི་དུས་ལས་ཡོལ་ཟིན་ཡོད། ད་ཆ་ནད་ཡམས་དེ་རྒྱལ་ཁབ་མང་པོར་ཐོན་ཡོད་པས། ཀྲུང་གོས་རྒྱལ་ཁབ་ཁག་བར་རྒྱལ་སྤྱིའི་མཉམ་ལས་བྱེད་འདོད་ཡོད་ལ། རང་ནུས་ལ་དཔག་པའི་རོགས་སྐྱོར་ཡང་བྱེད་འདོད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་ཉམས་ཉེན་ཁྱད་བསད་བྱེད་པ་དང་། སྒོ་དབྱེ་མཉམ་ལས་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་ནད་ཡམས་ཀྱི་བརྡབ་གསིག་བཀག་འགོག་བྱས་ནས། ཐུན་མོང་ཐོག་རྒྱལ་སྤྱིའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་འདུག ཞི་ཅིན་ཕིང་གིས། ཀྲུང་གོས་སི་ཕན་སྲིད་གཞུང་གིས་སྤྱད་པའི་ནད་ཡམས་འགོག་རྒོལ་བྱ་ཐབས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། སི་ཕན་ལ་མིག་སྔར་འཕྲད་པའི་དུས་བབ་ཛ་དྲག་པོ་དེར་བསམ་ཤེས་བྱས་ནས། སི་ཕན་གྱི་དགོས་མཁོ་ལྟར་གང་ཐུབ་ཅི་ཐུབ་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་འདུག
སང་ཆེ་སིས། སི་ཕན་དང་ཀྲུང་གོས་སྔར་ནས་ཕན་ཚུན་རྒྱབ་སྐྱོར་བྱེད་རེས་དང་རོགས་རེས་བྱེད་བཞིན་ཡོད། ད་ཐེངས་ནད་ཡམས་ལ་མཉམ་དུ་འགོག་རྒོལ་བྱེད་པའི་སྐབས་འདིར་གང་དེ་དེ་བས་ལེགས་པ་མངོན་ཡོད། མིག་སྔར་སི་ཕན་གྱི་ནད་ཡམས་གནས་ཚུལ་ཛ་དྲག་པོ་ཡོད། ཀྲུང་གོས་དུས་ཐོག་ཏུ་སི་ཕན་ལ་ཛ་དྲག་ངང་སྨན་བཅོས་དངོས་རྫས་མཁོ་འདོན་གནང་བ་དེའི་ཐོག་ནས་སི་ཕན་མི་དམངས་ལ་བཅངས་པའི་མཛའ་བཤེས་མངོན་གྱི་ཡོད། སི་ཕན་མི་དམངས་ནས་དེར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། སི་ཕན་སྲིད་གཞུང་ནས་སི་ཕན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་ལ་གང་ཐུབ་ཅི་ཐུབ་ཀྱིས་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ཡིན། ནད་ཡམས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཐུན་མོང་ལ་འཕྲད་པའི་འགྲན་རྩོད་ཅིག་རེད། རྒྱལ་ཁབ་ཁག་ནས་མཉམ་ཤུགས་བཏོན་ནས་ཁ་གཏད་གཅོག་དགོས་ངེས་ཡིན། ཀྲུང་གོས་ཁོག་ཡངས་ཀྱི་རྣམ་འགྱུར་ཐོག་ནས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་བར་བསྔགས་བརྗོད་ཞུ་རྒྱུ་དང་། ཀྲུང་གོའི་བར་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ནད་ཡམས་ལས་ཐར་རྗེས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་དེ་བས་ཡག་པ་འགྲོ་རྒྱུར་ཡིད་ཆེས་ཡོད། ཀྲུང་གོའི་མི་དམངས་རྣམས་བདེ་ཐང་དང་བདེ་འཇགས་ཡོང་བར་སྨོན་ཞེས་གསུངས་འདུག
བོད་ལྗོངས་ཀྱིས“དཔེ་མཛོད་ཁང་+”ཞབས་ཞུའི་མ་ལག་བཙུགས་ནས་དཔེ་ཀློག་བོད་ལྗོངས”སྐྲུན་པའི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བ།
2019ལོར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཐབས་མང་མཉམ་སྤྱོད་ཀྱིས“དཔེ་མཛོད་ཁང་+”དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བཙུགས་ནས་ལོ་ཧྲིལ་པོར་དྲ་སྟེང་དྲ་འོག་གི་ཀློག་པ་པོ་རིམ་བཞིན་མང་དུ་ཕྱིན་པ་དང་“དཔེ་ཀློག་བོད་ལྗོངས”སྐྲུན་པའི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད།
2019ལོར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཐོན་ཁུངས་བརྟན་དུ་བཏང་ཞིང་། དཔེ་དེབ་སྣ་ཁ་5869ཡི་དེབ་གྲངས་21280དང་། དུས་དེབ་སྣ་ཁ་1018དང་ཚགས་པར་སྣ་ཁ་209 གློག་རྡུལ་དཔེ་དེབ་ཁྲི་20ལྷག་ཙམ་དང་གློག་རྡུལ་དུས་དེབ་ཚགས་པར་སྣ་ཁ་3700བཅས་ཉོ་སྒྲུབ་བྱས་ཡོད། དེ་དང་ཆབས་ཅིག་ད་དུང“ཁྱེད་ཀྱིས་དཔེ་ཆ་འདེམས་དང་ངས་ཉོ”དང“འཆད་ཁྲིད་མུན་སེལ་སྒྲོན་མེ” “ཨ་ཅག་གིས་སྒྲུང་ཤོད་པ” “དཔེ་དེབ་དོ་དམ་པ་ཆུང་ཆུང” “དཔེ་ཀློག་གིས་འོད་སྣང་སྦྱིན”ཞེས་པའི་འགོག་རྐྱེན་མེད་པའི་གློག་བརྙན་སློབ་གྲྭར་སྟོན་པ་སོགས་རྣམ་པ་མི་འདྲ་བའི་དཔེ་ཀློག་ཁྱབ་གདལ་བྱེད་སྒོ་150ལྷག་ཙམ་སྤེལ་བ་དང་། “དཔེ་མཛོད་ཁང་+སྡེ་ཁུལ”དང“དཔེ་མཛོད་ཁང་+སློབ་གྲྭ” “དཔེ་མཛོད་ཁང་+ཁེ་ལས” “དཔེ་མཛོད་ཁང་+དམག་སྒར”སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་རྣམ་པ་བརྒྱུད་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་དཔེ་ཀློག་ནང་ཞུགས་པ་དང་དཔེ་ཀློག་ལ་དོ་ཁུར་བྱ་ཆེད“དཔེ་ཀློག་གི་དྲི་བསུང”གང་སར་འཐུལ་བའི་རྣམ་པ་ཟབ་མོ་བསྐྲུན་ཡོད་པ་རེད།
དཔྱིད་རྨོད་ཀྱི་འགོ་ཚུགས་ནས་རེ་བའི་ས་བོན་བཏབ།
དཔྱིད་ཀ་སླེབས་བྱུང་། གངས་འཁྱགས་ཞུས་སོང་། འདི་ནི་རང་བྱུང་ཁམས་ཆེན་མོའི་དཔྱིད་དུས་ཀྱི་ཆོས་ཉིད་ཅིག་ཡིན་ཞིང་། འཚོ་བའི་ཁྲོད་ཀྱི་དཔྱིད་ཀའང་ནམ་ཡང་མཛད་སྒོ་ཞིག་གི་ཁྲོད་ནས་འགོ་རྩོམ་དགོས།
ཟླ་3པའི་ཚེས་16ཉིན་གྱི་ཞོགས་པ་སྔ་མོར། གསར་འགོད་པ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཐང་དཀར་ཤང་ཐང་དཀར་གྲོང་ཚོ་དང་། ཆུ་ཤུར་རྫོང་ཚལ་སྣེ་ཤང་ཤེལ་གྲོང་གྲོང་ཚོར་ཡོང་སྟེ། རྒྱང་རིང་བོ་ཞིག་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དང་། དྲི་མེད་ཀྱི་ཁ་བཏགས་དཀར་པོ། “གཟབ་མཆོར་སྤྲས་པའི”འདྲུད་འཐེན་འཁོར་ལོ། དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པའི་བོད་རིགས་མང་ཚོགས་སོགས་ཞིང་ཁ་དང་མུ་ཁར་མཉམ་གཅིག་ཏུ་འཛོམས་ནས། དཔྱིད་རྨོད་ཀྱི་རོལ་ཁ་ཕྱེ་བའི་མཛད་སྒོ་སྒུག་བྱེད་བཞིན་ཡོད་པ་མཐོང་།
མཛད་སྒོ་དངོས་སུ་འགོ་མ་ཚུགས་གོང་། གྲོང་མི་ཚོས་རིམ་པ་བཞིན་རྩམ་པའི་བྲོ་བ་མྱོང་བ་དང་། ནས་ཆང་མཆོད་པ། བསང་གཏོང་བ། ཁ་བཏགས་འབུལ་བ་བཅས་བྱས་ནས་མི་རེ་རེའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་ཞིང་། འདྲུད་འཐེན་འཕྲུལ་འཁོར་གྱི་སྒྲ་དང་པོ་གྲགས་པ་དང་ཆབས་ཅིག་གྲོང་མི་ཚོས་“ལྕགས་གླང་”དུ་འབོད་པའི་འདྲུད་འཐེན་འཁོར་ལོ་ཞིང་ནང་དུ་བསྐོར་བ་དང་། དེའི་རྗེས་སུ་གཟབ་མཆོར་སྤྲས་པའི་བོད་པའི་བུད་མེད་རྣམས་ཀྱིས་ལག་ཏུ་ས་བོན་དང་། ལུད་རྫས་འཁྱེར་ནས་གླུ་གཞས་ལེན་ཞོར་ངལ་རྩོལ་བྱས་ཏེ་དཔྱིད་རྨོད་མཛད་སྒོའི་རྣམ་པ་མཐོ་རླབས་འཕྱུར་བ་རེད།
མཛད་སྒོ་མཇུག་སྒྲིལ་ལ་ཉེ་དུས། གྲོང་མི་ཚོ་མཉམ་དུ་བསྡད་ནས་ལག་ཏུ་རྩམ་པ་བཟུང་སྟེ། གཞས་སྣེ་འཁྲིད་མཁན་གྱི་གཡང་འབོད་ཁྲོད། མཉམ་དུ་རྩམ་པ་མཁའ་དབྱིངས་སུ་གཏོར་བ་དང་། ཁོ་ཚོས་འབྲུ་རིགས་ནི་ས་གཞིའི་ཁྲོད་ནས་ཡོང་ཞིང་སླར་ས་གཞིའི་ཁྲོད་དུ་འགྲོ་བ་ཡིན་ཞེས་པ་ལྟར་ས་གཞིར་བཅངས་པའི་དྲིན་ལན་དང་རེ་བ་མཚོན་པར་བྱས་ཏེ། མཉམ་དུ་ཆར་ཆུ་དུས་སུ་འབབ་པ་དང་ལོ་ལེགས་འབྱུང་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།
མཚོ་སྔོན་གྱི་བཟང་བཏུང་ཚན་པ་ཡོངས་ཚོང་གཉེར་སླར་གསོ་བྱེད་ཆོག་པ།
ཚེས་15ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྱི་བསྒྲགས་སྤེལ་བའི་ནང་། ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ཚན་པ་ཚང་མ(མགྲོན་ཁང་དང་། ཟ་ཁང་། ཞོགས་ཟས་ཁང་། མཚན་ཟས་ཁང་སོགས་ཚུད་པ)དེ་རིང་ནས་བཟུང་ཚོང་གཉེར་སླར་གསོ་བྱེད་ཆོག་པ་འཁོད་ཡོད་པ་རེད།
སྤྱི་བསྒྲགས་ནང་བསྟན་དོན། བཟང་བཏུང་ཚོང་གཉེར་ཚན་པས་ཚོང་གཉེར་སླར་གསོ་མ་བྱས་གོང་། ལས་གནས་ཐོག་བསྐྱར་ལོག་བྱེད་མཁན་མི་སྣའི་བདེ་ཐང་རྩིས་ཐོ་ཞིག་བཟོ་དགོས་པ་དང་། ཚོང་གཉེར་བྱས་རྗེས་ཉིན་ལྟར་ལས་མིར་ཞོགས་པའི་བརྟག་དཔྱད་དང་གཟུགས་པོའི་དྲོད་ཚད་ལྟ་དགོས། ཚོང་གཉེར་བྱ་ཡུལ་དང་། བཟའ་བཏུང་ཡོ་ཆས། སྒྲིག་ཆས་སྒྲིག་བཀོད་སོགས་ལ་རླུང་འགྲོ་ཡག་པོ་ཡོང་བར་བྱེད་པ་དང་དུག་སེལ་དང་བདེ་འཇགས་ཞིབ་བཤེར་བྱེད་དགོས་པ་མ་ཟད། དགོས་ངེས་ཀྱི་རིམས་འགོག་དངོས་ཟོག་གྲབས་གསོག་བྱེད་དགོས། བཟའ་བཏུང་ཁང་གིས་རིམས་ནད་ཀྱི་ཉེན་ཁ་ཆེ་བ་དང་འབྲིང་བའི་ས་ཁུལ་གྱི་མི་སྣ་དང་ས་མཚམས་ཕྱི་ནས་མཚོ་སྔོན་དུ་ཡོང་མཁན་མི་སྣ་གནས་སྐབས་བསྡུ་མི་ཆོག
དྲ་གྲོགས་ལྷན་རྒྱས་ཐེངས་རྗེས་མར་སླར་ཡང་མཇལ།
还没有评论,快来发表第一个评论!